Back to text page · Switch to: Tibetan
(འདིར་ཡིག་ནོར་དང་ཡིག་རྙིང་རྣམས་བཅོས་ཡོད། ཡིག་རྙིང་ཇི་བཞིན་གཟིགས་འདོད་ན་དབུ་མེད་དཔེ་རྙིང་ལ་གཟིགས་རོགས། Erroneous and archaic texts have been changed/corrected in this typescript. Those who wish to look at the original text can refer to the scans of original text in dbu med script.)
བླ་མ་སངས་རྒྱས་ཀུན་ལ་འདུད། ལམ་གྱི་མན་ངག་དོན་བསྡུས་བྲི། །སྤྱིར་རྗེ་བཙུན་བྱམས་པའི་དགོངས་པས་ལམ་སྐྱེ་བའི་རྟེན། འཁོར་བར་འཁྲུལ་ཚུལ། ལམ་རྒྱུད་ལ་སྐྱེ་བའི་རིམ་པ། སངས་རྒྱས་ཀྱི་ཡེ་ཤེས་འཆར་ལུགས་སོ།། དང་པོ་༣་ རྒྱུ་རིགས་དང་ལྡན་པས་ཐེག་པ་ཆེན་པོ་ལ་མོས། རྐྱེན་དགེ་བའི་རྩ་བ་བསགས་པ། འགལ་རྐྱེན་བར་ཆད་མེད་པའི་རྒྱུད་ལ་ལམ་སྐྱེའོ།། དང་པོ་༣་ རིགས་ངོ་བོ་སེམས་རང་བཞིན་གྱིས་འོད་གསལ་བ། དབྱེ་ན་༢་ རིགས་ཆད་འཁོར་བ་ཁོ་ནར་ཞེན་ཏེ་མོས་པ་མི་སྐྱེ་བའི་གང་ཟག བྱེ་བྲག་༤་ མི་ཚེ་༡་ཏུ་སྡིག་པ་ཁོ་ན་བྱེད་པ། ལོག་ལྟས་དགེ་སྡིག་མེད་ཟེར་བ། ཆོས་ལ་མོས་བློ་བག་ཙམ་མེད་པ། དགེ་བ་ཅི་བྱེད་འཁོར་བར་བསྔོ་བ་སྟེ། ལ་ལ་༡་ཏུ་ཉེས་པར་སྤྱོད་པ་ཡོད། ལ་ལ་དཀར་པོའི་ཆོས་ལ་རྣམ་པ་ཀུན་ཏུ་བཅོམ། ལ་ལ་ཐར་པ་ཆ་མཐུན་དགེ་བ་མེད། དཀར་པོ་དམན་པ་ཡོད་པས་རྒྱུ་དང་བྲལ་ཞེས་སོ།། རང་དེ་བཞིན་མ་སོང་དགོས་གསུང་། རིགས་༤་ནི་ཆོས་ལ་མོས་ནས་འཁོར་བའི་ཞེན་པ་ལྡོག་ནུས་པ། བྱེ་བྲག་༣་ནི་ཉན་ཐོས་ཀྱི་ཆོས་ལ་མོས་ན་ཉན་ཐོས། རང་རྒྱལ་ལ་མོས་ན་རང་རྒྱལ་གྱི་རིགས། ཐེག་པ་ཆེན་པོ་ལ་མོས་ན་བྱང་ཆུབ་སེམས་པའི་རིགས་ཡིན། སྲིད་དང་མྱ་ངན་འདས་ལ་དེའི། །སྡུག་བདེའི་སྐྱོན་ཡོན་མཐོང་བ་ནི། །རིགས་ཡོད་ལས་ཡིན་གང་གི་ཕྱིར། །རིགས་མེད་དག་ལ་མེད་ཕྱིར་རོ། །ཞེས་སོ།། དཔེ་ནོར་བུ་རིན་པོ་ཆེ་འདམ་ཏུ་བཅུག་པ་དང་། འདམ་ནས་ཕྱུང་པ་ལྟ་བུའོ།། རྐྱེན་དགེ་བའི་རྩ་བ་ནི། ཆོས་སྒྲུབ་པའི་རྐྱེན་འཁོར་ལོ་བཞི་ལྡན་ཚང་བ་སྟེ། བླ་མ་ལུང་མན་ངག་གི་རྟོགས་པ་ཤེས་རབ་ཅན། ༼༣༡༢༽ཟས་ནོར་ལ་མི་རེ་བའི་སྙིང་རྗེ་བྱམས་སེམས་མངའ་བ། ཆོས་འཆད་པས་མི་སྐྱོ་བ་རྙེད་པ། མཐུན་པའི་ཡུལ་ནི་ཆོས་སྒྲུབ་པའི་མཐུན་རྐྱེན་སྡོད་ས་གནས་དང་། འགྲོགས་པའི་གྲོགས་དང་། འཚོ་བ་ཟས་༣་གྱིས་བར་ཆད་དུ་མི་འགྲོ་བ་དང་། ཡང་དག་པའི་སྨོན་ལམ་གྲུབ་པས་ཆོས་ཡིད་ལ་བསམ་དུ་བཏུབ་པ་གཉེན་པོར་འགྲོ་བ་དང་། སྔོན་ཚེ་སྔ་མ་ལ་བསོད་ནམས་བསགས་པས་མཐུན་རྐྱེན་༣་ཚང་ནས་ཆོས་བསམ་དུ་བཏུབ་པའོ།། འགལ་རྐྱེན་སྤངས་པ་ནི། བླ་མ་དམ་པ་༡་རྙེད་ནས་གནས་གྲོགས་འཚོ་བ་༣་ཇི་ལྟར་འདུག་ཀྱང་སྡིག་གྲོགས་སུ་མི་འགྲོ་བར་སྤངས་པ་གལ་ཆེ། རང་ལ་ལམ་སྐྱེ་བའི་རིགས་ཀྱི་རྟགས་སྙིང་རྗེ་ཆེ། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་ཆེ། ཆོས་ཀྱི་དཀའ་ཐུབ་ནུས་པ། དགེ་སྦྱོར་རེམ་པ་༡་དགོས་པ། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །གསུངས་སོ།། འཁོར་བར་འཁྲུལ་ཚུལ་ནི། ཆོས་ལ་འཇུག་པ་དྲུག་སྟེ། མཚན་ཉིད་དང་། གྲུབ་པ་དང་། ༡་དང་ཐ་དད་པ་ཡིན་པ་དང་། གནས་དང་། ཐུན་མོང་མ་ཡིན་པ་དང་། ཆོས་ཉིད་ལ་འཇུག་པའོ།། འདི་ལ་༤་སྟེ། སྤྱིར་གོ་རྒྱས་གཅད་པ་དང་། རྒྱུ་གཞུང་རང་ཐོག་ཏུ་གནད་བསྟན་པ་དང་། མཚན་ཉིད་དང་རང་བཞིན་ཤན་དབྱེ་དང་། འཁྲུལ་པ་བཟློག་པའོ།། དང་པོ་ནི་མཚན་ཉིད་ཀྱིས་འཁོར་བ་ནི་འཁོར་བ་རང་གི་འཁྲུལ་རྟོག་ཏུ་ངོས་བཟུང་བ་སྟེ། གཟུང་འཛིན་༢་སྣང་གི་འཁྲུལ་རྟོག་གིས་ཞེན་པའོ།། གྲུབ་པ་ནི་འཁོར་བ་རང་གི་རྟོག་པའི་མཚན་ཉིད་འཁྲུལ་སྣང་ཡིན་པས་ངེས་ཏེ། གཟུང་འཛིན་༢་སྣང་མེད་པ་ལ་བདེན་པར་ཞེན་པས་ཉོན་མོངས་སྐྱེ་བ་དང་། ཆོས་ཉིད་ཡོད་པ་མི་སྣང་བས་ལས་(?)སྐྱེ་བའོ།། ༡་དང་ཐ་དད་པ་མ་ཡིན་པ་ནི། ༼༣༡༣༽ འཁོར་བའི་མཚན་ཉིད་འཁྲུལ་རྟོག་དང་། རང་བཞིན་ཆོས་ཉིད་༢་དང་། འཁྲུལ་སྣང་ལ་བདེན་པར་ཞེན་ངོར་༡་མ་ཡིན། རང་བཞིན་འཁྲུལ་པར་ཤེས་པ་ཆོས་ཉིད་གཞན་མ་ཡིན་པའོ།། གནས་ནི་རང་གི་རྟོག་པའི་སྣང་ལུགས་ཕྱི་སྣོད་ཀྱི་འཇིག་རྟེན་དུ་ཤར་བའོ།། ཐུན་མོང་མ་ཡིན་པ་ནི་ནང་སེམས་ཅན་གྱི་འཇིག་རྟེན། ཚོགས་བརྒྱད་ཀྱི་རིག་པ་རང་སྣང་མྱོང་ལུགས་སོ།། ཆོས་ཉིད་ལ་འཇུག་པ་ནི། འཁོར་བ་རང་གི་རྟོག་པ་འཁྲུལ་པ་འདི་རང་རང་བཞིན་མ་འཁྲུལ་བའི་ཆོས་ཉིད་གདམས་ངག་གིས་རྟོགས་པའོ།། རྒྱུ་ཐོག་ཏུ་གནད་བསྟན་པ་ནི། འཁོར་བའི་མཚན་ཉིད་རང་གི་འཁྲུལ་རྟོག་༢་སྣང་། འཁྲུལ་པའི་ངོ་བོ་མེད་སྣང་བདེན་པའི་དངོས་པོར་ཞེན་པས་འཁོར་བའི་རྒྱུ་གྲུབ་ལ། འཁྲུལ་རྟོག་ནི་མཚན་ཉིད་རང་བཞིན་ཆོས་ཉིད་དུ་གནས་པ་འཁོར་བའི་སྣང་ལུགས་ཕྱི་སྣོད་དུ་ཤར་བ། མྱོང་ལུགས་ཚོགས་བརྒྱད་ཀྱི་སྐྱེ་འཆི་སེམས་ཅན་དུ་འཁྲུལ་པ་རང་བཞིན་གཟུང་འཛིན་༢་དང་བྲལ་བའི་སེམས་སུ་གནས་སོ།། མཚན་ཉིད་དང་རང་བཞིན་དབྱེ་ན་མཚན་ཉིད་དང་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པ་༣་ནི། རང་གི་འཁྲུལ་རྟོག་འཁོར་བའི་མཚན་ཉིད་ཡིན། གྲུབ་པ་ནི་འཁོར་འདས་༢་ཀྱི་རྒྱུ་འཁྲུལ་(རིགས་པ)་མ་འཁྲུལ་དང་། ༡་དང་ཐ་དད་པ་ཡིན་པ་ནི་རྟོགས་པ་(རྒྱུ་ངོ་ཤེས་ཏེ་)་ལས་ཆོས་ཉིད་ལོགས་མེད་པ་དང་། ༢་སྣང་མེད་པ་ནི་སེམས་ཀྱི་རང་བཞིན་གཟུང་འཛིན་༢་མེད་པའི་རིགས་པའོ།། འཁྲུལ་པ་བཟློག་པ་ནི། རང་གི་འཁྲུལ་རྟོག་འཁོར་(འདི་རང་)བའི་སྣང་བ་ཕྱི་སྣོད་དང་སེམས་ཅན། ནང་དུ་ཚོགས་བརྒྱད་ཀྱི་སྣང་བ་(ཤར་བ་)ཐམས་ཅད། རང་གི་སེམས་སྣང་ཡིན་པས་ཕྱི་ནང་རང་རྒྱུད་གྲུབ་པ་མེད། ཕྱི་གཟུང་བ་མེད་པའི་རང་སེམས་ནང་འཛིན་པ་མེད་པ་བློ་འདས་ཀྱི་སེམས་ཆོས་ཉིད་དུ་གནས་སོ།། འཁྲུལ་རྟོག་ཙམ་དུ་སྣང་བ་ཐབས་མི་སློང་། ངོ་བོ་མེད་པའི་རང་བཞིན་ཤེས་རབ་༢་ཟུང་དུ་འཇུག་(ཁྱེར་བའོ)པའོ།། ལམ་གྱི་རིམ་པ་ནི་ཆོས་ཉིད་ལ་འཇུག་པ་དྲུག་སྟེ། མཚན་ཉིད་དང་། གནས་དང་ངེས་པར་རྟོགས་པ་དང་། མཐོང་བ་དང་རྗེས་སུ་དྲན་པ་དང་། དེའི་བདག་ཏུ་༼༣༡༤༽སོན་པའོ།། འདི་ལ་དྲུག་སྟེ། སྤྱིར་གོ་རྒྱ་གཅད་པ་དང་། འཁྲུལ་པ་བཟློག་པའི་ལམ་དང་། རྟོགས་པ་དང་ཡེ་ཤེས་ཤན་དབྱེ་བ་དང་། ཆོས་ཉིད་བསྒོམ་པ་དང་། རྟགས་དང་། ངོ་བོ་དང་ལྔའོ།། དང་པོ་མཚན་ཉིད་ཀྱིས་རང་གིས་འཁྲུལ་རྟོག་འདི་རང་རང་བཞིན་ཆོས་ཉིད་དུ་ངོས་བཟུང་སྟེ། གཉིས་སྣང་གི་འཛིན་པའོ།། གནས་ཀྱིས་ཆོས་ཉིད་ཀྱི་དོན་སེམས་ལ་རྟེན། ཚིག་གསུང་རབ་ཡན་ལག་བཅུ་གཉིས་ལ་རྟེན་ནས་གོ་བའོ།། ངེས་པར་རྟོགས་པ་ཚོགས་ལམ་སྦྱོར་ལམ་༢། མཐོང་བས་ཆོས་ཉིད་རྟོགས་པ་མཐོང་ལམ་ས་དང་པོའོ།། རྗེས་སུ་དྲན་པ་སྒོམ་ལམ་ས་དགུ དེའི་བདག་མཐར་ཕྱིན་པའི་ལམ་སངས་རྒྱས་ཀྱི་ས་བརྟན་(གནས་སེམས་ཅན་ཐམས་ཅད་རང་ས་ཟིན་)པའོ།། འཁྲུལ་པ་བཟློག་པ་ནི་མི་རྟག་པའི་ཡེ་ཤེས་ཏེ། དམིགས་པ་དང་། མཚན་མ་དང་སྤངས་པ་དང་། ཡང་དག་པར་སྦྱོར་བ་དང་། མཚན་ཉིད་དང་། (ཐོས་) ཕན་ཡོན་དང་། ཡོངས་སུ་ཤེས་པ་དྲུག་གོ། འདི་ལ་༢་སྤྱིར་གོ་རྒྱ་དང་། ལམ་དངོས་སོ།། དང་པོ་ནི་དམིགས་པ་བཞིས་ཚོགས་ལམ་དུ་ཆོས་ཉིད་དག་པའི་གཞི་བཅའ་སྟེ། བླ་མ་ཐེག་པ་ཆེན་པོ་སྟོན་པ་དང་ཕྲད་པས་(གདམས་ངག་)ཚིག་ལ་མོས་པ་སྐྱེས། བསམ་བྱུང་གིས་དོན་ལ་ངེས་པ་བསྐྱེད། བསྒོམ་པས་ཉམས་མྱོང་ཡེ་ཤེས་ཤར། སྦྱོར་ལམ་དུ་རྟོག་པ་དགག་པའི་སྦྱོར་བ་ནི་སྣང་བ་སེམས་སུ་སྒོམ་པ་དྲོད། དོན་རང་རྒྱུད་འཛིན་པ་རྩེ་མོ། འཛིན་པ་རང་རྒྱུད་འཛིན་པར་རྟོགས་པ་བཟོད་པ། ༢་འཛིན་པས་༢་འཛིན་ཀྱི་ཤེས་པར་འགག་པ་ཆོས་མཆོག མཐོང་ལམ་དུ་མཚན་ཉིད་ཉམས་སུ་མྱོང་བ་ནི་མ་འཁྲུལ་བས་ཏེ། སྣང་འགགས། ཡོད་པ་སྣང་བས་ཡེ་ཤེས་མ་འཁྲུལ་སྟེ། ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་སྣང་། རྗེས་འཁྲུལ་སྣང་ལ་བདེན་འཛིན་ཞིག་སྟེ། འདུས་བྱས་སྒྱུ་མའི་དཔེ་བརྒྱད་དུ་རྟོགས་སོ།། སྒོམ་ལམ་ལ་སྐུ་༣་གྱི་བསྔགས་པས་དྲི་མ་སྦྱོང་། སངས་རྒྱས་ཀྱི་ས་ལ་མི་རྟོག་པའི་ཡེ་ཤེས་ཁྱད་པར་ལྔ་ལྡན་ཐོབ་པའོ།། ལམ་དངོས་ནི་སྤང་བྱའི་མཚན་མ་(རྟོགས་པ་ཤས་ཆེ་)ཚོགས་ལམ་དུ་འགག། གཉེན་པོའི་(སྒོམ་ལམ་ཤས་ཆེ་)མཚན་མ་སྦྱོར་ལམ་དུ། ༼༣༡༥༽ཆོས་ཉིད་(རྟོགས་པ་དེ་ཆོས་ཉིད་དུ་ཤེས་པ་མེད་)ཀྱི་མཚན་མ་མཐོང་ལམ་དུ་འགག། རྟོགས་པས་(འབྲས་)ཐོབ་པ་(སངས་རྒྱས་ཀྱི་)སྒོམ་ལམ་དུ་འགག ཤེས་པའི་མཚན་མའི་(རང་པ་ཁོ་རང་དུ་ངོ་བོ་མ་རྙེད་དེ་)ཞེན་པ་ཀུན་དང་བྲལ་བ་སངས་རྒྱས་པའོ།། འཁྲུལ་པ་བཟློག་པ་ནི་༢་ཏེ། དང་པོ་རང་གིས་ཚོགས་བརྒྱད་ཀྱི་རྟོག་པར་སྣང་བ་འདི་ཆོས་ཉིད་ངོ་མ་ཤེས་པར་སྐྱེ་ཡང་བདེན་པར་འཛིན་འདི་མི་སྣང་བས་ཆོས་ཉིད་སྣང་བར་(ངོ་ཤེས་པ་)བདེན་ནོ་སྙམ་དུ་ངོ་སྤྲོད་དོ།། རྟོགས་པ་དང་ཡེ་ཤེས་ནི་ནང་སེམས་ཅན་དང་ཕྱི་སྣོད་དུ་སྣང་བའི་འཁྲུལ་རྟོག་བདེན་པར་ཞེན་པས་ཉོན་མོངས་པ་སྐྱེ་བ་རྟོག་པ་དང་། གཉིས་སྣང་འགགས་པའི་ཞེན་འཛིན་གྱིས་ཤེས་པ་ངོ་བོ་ཆོས་ཉིད་དུ་གནས་པས་མི་རྟོག་པའི་ཡེ་ཤེས། རྗེས་ལ་ཞེན་འཛིན་དུ་སྒྱུ་མར་འཆར་རོ།། ཆོས་ཉིད་དུ་བསྒོམ་པ་༢། རིམ་གྱིས་བསྒོམ་ན་ཅི་སྣང་རང་སེམས་སུ་བསྒོམ། དཔེ་རྨི་ལམ་ལ་བྱ། དོན་རང་རྒྱུད་རྫས་སུ་འཛིན་པར་བསྒོམ། དཔེ་རྨི་ལམ་གྱི་ཡུལ་ལ་བྱ། དོན་འཛིན་གྱི་ཤེས་པ་རང་རྒྱུད་པ་མེད་པར་སྒོམ་དཔེ་བུམ་པ་འཛིན་པའི་ཤེས་པ་འཛིན་པ་ལ་བྱ། གཉིས་འཛིན་པས་སྔར་འཛིན་གྱི་ཤེས་པ་འཛིན་པར་སྒོམ་དཔེ་ནི་ནམ་མཁའ་ལ་བྱ། ཅིག་ཅར་འཛིན་སྒོམ་ན། རང་གི་འཁྲུལ་རྟོག་འདི་མ་བདེན་པས་ཆོས་ཉིད་བློ་འདས་ལ་རྟོག་པ་མ་འགྱུས་པར་གཞག་གོ། རྟགས་ལྔ་ནི་རྣམ་རྟོག་ཤས་ཆུང་པས་ཉོན་མོངས་པ་ཞི་བ་(རང་ཞི་)དང་། ནད་མེད་པ་ལ་(ཟས་མ་དགོས་?)དངོས་ལུས་སེམས་བདེ་བ། ཉོན་མོངས་པའི་བག་ཆགས་དག་(མི་བརྟག་མི་རྟོག་པ་ཡེ་ཤེས་སྐྱེ་?)ནས་རྗེས་ཐོབ་ཞེན་པ་ཆུང་རྟོགས་པ་སྐྱེ། སྒོམ་སྣང་དང་རྨིས་ལྟས་བཟང་ཞིང་མངོན་ཤེས་འཆར་རོ།། དགེ་བ་སངས་རྒྱས་སུ་གཏོད་པའོ།། ངོ་བོ་ནི་ཆོས་ཉིད་དྲི་མ་དང་བྲལ་བས་སེམས་དག་པ་(རང་)སངས་རྒྱས་ཏེ། ཆོས་ཉིད་རང་ས་ཟིན་པའོ།། སངས་རྒྱས་ཀྱི་ཡེ་ཤེས་འཆར་ལུགས་༣་ནི། ངོ་བོ་རྣམ་རྟོག་དྲི་མ་དང་བྲལ་བ་ཤེས་བྱ་ཐམས་ཅད་ཆོས་ཉིད་དུ་སྣང་སྟེ། སྣང་བ་ཆོས་སྐུ། (གཞན་ལ་ཆོས་)འདོམས་པ་ལོངས་སྐུ་དང་། (སེམས་ལ་)དབང་ཐོབ་པ་སྤྲུལ་སྐུའོ།། མཚན་ཉིད་ཁྱད་པར་ལྔ་སྟེ། རང་བཞིན་ཆོས་༼༣༡༦༽ཉིད་རྟོགས་པས་འཁོར་འདས་སུ་མི་རྟོག་པའི་ཡེ་ཤེས་དང་(མི་རྟོག་པ་ལ་སྤྱིས་རྗེས་ཀྱི་རང་གི་མཚན་ཉིད་རྟོགས་པས་རང་གཞང་)ཤེས་བྱ་ཁྱབ་པའི་ཡེ་ཤེས་དང་། བློ་ལས་འདས་པ་འཁོར་འདས་སུ་མི་གནས་པའི་ཡེ་ཤེས་དང་། འཁོར་བ་(རྟོག་པ་)རྒྱུན་ཆད་པས་ཡེ་ཤེས་མི་རྟོག་པ་རྟག་པའི་ཡེ་ཤེས་དང་། སངས་རྒྱས་ཀྱི་ཡེ་ཤེས་དངོས་པོ(ས་སྟོང་པ་)ཆོས་ཉིད་དང་དབྱེར་མེད་པས་བླ་ན་མེད་པའོ།། བྱེད་པའི་ལས་༤་སྟེ། ཆོས་ཉིད་རང་ས་ཟིན་པས་(རྟོག་པ་གཞི་མེད་དུ་སོང་པས་)རྟོག་པས་མི་སྐྱེ་བ་དང་། ཆོས་ཉིད་རྟག་པས་རང་ཡེ་ཤེས་རྒྱུན་མི་འཆད་པ་དང་། ཆོས་ཀྱི་དབྱིངས་ཡེ་ཤེས་ཀྱི་ལུས་ཀྱི་ངོ་བོར་བཞུགས་པ་དང་། སྣང་བ་ལ་རང་དབང་ཐོབ་པས་སྐུ་གསུམ་གྱི་རྟོགས་པ་སྤེལ་བའོ།། ཆོས་ཉིད་ལམ་ཁྲིད་རིན་ཆེན་འདི། །བྱམས་པའི་དགོངས་པ་སྙིང་པོ་ཡིན། །ཆོས་ཉིད་ཀྱི་ལམ་ཁྲིད་རྫོགས་སྷྱོ།། རྗེ་བཙུན་བྱམས་པ། བྱམས་པའི་མགོན་པོ། ཨ་ཀ་ར་ཤན་ཏི་བ། བྲམ་ཟེ་སད་ཇ་ན། ཟུ་དགའ་རྡོར། སྤུ་རངས་པ་ཆེན་པོ། དོལ་པ། གྲེ་ལྷས་པ། དེས་ཆས་པ་ཁུ་དབོན་༢། དེས་ཤངས་པ། དེས་སློབ་དཔོན་སྣར་ཐང་པ་བརྒྱད་པར་(སྨོན་ལམ་ཚུལ་ཁྲིམས་)བྱོན་པ། དེས་བཙུན་པ་ཆོས་ཀྱི་རྒྱལ་མཚན་(ཟུ་ལུ་)ལ་གནང་པའོ།། ཕྱག་དཔེ་ལ་ཞུ་བ་པོས་(ཆོས་ཀྱི་རྒྱལ་མཚན་)བྲིས་སོ།། ཞུག་དག་པར་བྱའོ།། དམ་པས་བསྔགས་པའི་དབེན་གནས་སྣར་ཐང་དུ་བྲིས་ཤིང་ཞུས་སོ།། ཨཱི་ཐཱི།